Mode of bestowing the empowerment of great light upon the immediate attainment of the tenth ground
ས་བཅུ་པ་ཐོབ་མ་ཐག་ཏུ་འོད་ཟེར་ཆེན་པོའི་དབང་བསྐུར་ཚུལ་དེ་གང་ཞེ་ན། འདི་ལ་སྣང་བས་འཕྲིན་ལས་སྒྲུབ་ཚུལ། མཆོད་པས་དབང་བསྐུར་ཐོབ་ཚུལ་དང་གཉིས། དང་པོ་ལ། སྣོ ད་དག་པའི་སྣང་བ། བཅུད་དག་པའི་སྣང་བ། འཕྲིན་ལས་སྒྲུབ་ཚུལ་དངོས་སོ། །དང་པོ་ནི། བྱང་སེམས་ས་དགུ་པ་དེས་ས་བཅུ་པ་ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་གྲངས་མེད་འབུམ་ཕྲག་བཅུ་ལ་སྙོམས་པར་ཞུགས། དེ་མ་ཐག་དེ་ལས་ལངས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཐོབ་པར་བྱས། དེ་ཐོབ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་དང་མཉམ་པའི་པདྨའི་གདན་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། དེའི་འཁོར་དུ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་པདྨའི་གདན་སྣང་བར་བྱས། གཉིས་པ་ནི། དེ་ནས་དབུས་ཀྱི་པདྨའི་གདན་གྱི་སྟེང་དུ་བྱང་ཆུབ་སེམས་དཔའ་རང་ཉིད་གདན་དེ་དང་འཚམ་ཞིང་རྐྱེན་དུ་བབ་པར་བཞུགས། འཁོར་གྱི་པདྨ་རྣམས་ཀྱི་སྟེང་དུ་ས་དགུ་པ་མན་ཆད་ཀྱི་བྱང་སེམས་ཤ་སྟག་བཞུགས་པས་བསྐོར་བར་བྱས། གསུམ་པ་ནི། དེའི་ཚེ་བྱང་སེམས་དེའི་ཞབས་མཐིལ་གཉིས། པུས་མོའི་ལྷ་ང་གཉིས་རྩིབ་ལོག་དང་ལྟེ་བ་གཉིས། ཕྱག་མཐིལ་གཉིས་རྣམས་ལས་འོད་ཟེར་གྲངས་མེད་འབུམ་ཕྲག་བཅུ་བཅུ་སྤྲོས་པས་རིགས་དྲུག་ཀའི་གནས་རྣམས་སྣང་བར་བྱས་ནས། དེ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས། བྱང་སེམས་དེའི་ཕྲག་གཉིས་དང་རྒྱབ་མགུལ་གཉིས་དང་ཞལ་ནས་འོད་ཟེར་གྲངས་མེད་འབུམ་ཕྲག་བཅུ་བཅུ་སྤྲོས་པས་རིམ་པ་བཞིན་དུ་ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་ས་དགུ་པ་བ་མན་ཆད་ཀྱི་གནས་རྣམས་སྣང་བར་བྱས། ཆོས་སྣང་བའི་སྒོ་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། ཐབས་ལ་མཁས་པའི་ཚུལ་དཔག་ཏུ་མེད་པའི་ཡོན་ཏན་རྣམས་རིམ་པ་བཞིན་ཉེ་བར་སྒྲུབ་པར་བྱེད། གཉིས་པ་ལ། མཆོད་པ་དང་། དབང་
བསྐུར་བ་གཉིས། དང་པོ་ནི། བྱང་སེམས་དེའི་མཛོད་སྤུ་ནས་འོད་ཟེར་གྲངས་མེད་འབུམ་ཕྲག་བཅུ་བཅུ་སྤྲོས་པས་བདུད་ཐམས་ཅད་ཟིལ་གྱིས་མནན། དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་སྤྱན་དྲངས། དེ་དག་གི་ལུས་སུ་ནུབ་པར་བྱས། དེ་ནས་བྱང་སེམས་དེའི་སྤྱི་གཙུག་ནས་སྟོང་གསུམ་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པའི་འོད་ཟེར་སྤྲོས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་དྲངས། འཇིག་རྟེན་ལན་བཅུར་བསྐོར་ནས་སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་གྱི་དོན་བྱས། འོད་ཟེར་དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་མཐིལ་དུ་ནུབ་པར་བྱེད། གཉིས་པ་ནི། དེ་ནས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བྱང་སེམས་དེ་དབང་བསྐུར་བར་དུས་ལ་བབ་པར་གཟིགས་ནས། ཕྱོགས་བཅུ་ནས་ས་དགུ་པ་མན་ཆད་ཀྱི་བྱང་སེམས་མཐའ་དག་འདུས་ཏེ། བྱང་སེམས་དེ་ལ་བལྟ་ཞིང་མཆོད། ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་ཞུགས་སོ། །བྱང་སེམས་དབང་བསྐུར་ཐོབ་པ་རྣམས་ཀྱིས། མགྲིན་པ་དང་། ཐུགས་ཀ་ནས་དཔལ་བེའུ་དང་། རྡོ་རྗེ་དང་།
བཀྲ་ཤིས་ལས་བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་གྲངས་མེད་འབུམ་ཕྲག་བཅུ་དང་བཅས་པ་ཕྱུང་བ་དེ། ཕྱོགས་བཅུར་སྣང་བར་བྱས།
ཆོ་འཕྲུལ་དཔག་ཏུ་མེད་པ་བསྟན། བྱང་སེམས་དེ་ལ་དཔལ་བེའུ་རྡོ་རྗེ་བཀྲ་ཤིས་རྣམས་ནུབ་པས། མཐུ་སྟོབས་ལྷག་པར་འཕེལ་ལོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་གྲངས་མེད་འབུམ་ཕྲག་བཅུ་བཅུ་དང་བཅས་པ་བྱུང་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས། འཇིག་རྟེན་ལན་བཅུ་བསྐོར། ངན་སོང་གི་སྡུག་བསྔལ་ཞི་བར་མཛད། བདུད་ཐམས་ཅད་ཟིལ་གྱིས་མནན་ནས། བྱང་སེམས་དེའི་སྤྱི་བོར་ནུབ་ལ་འཁོར་གྱི་འོད་ཟེར་རྣམས་འཁོར་གྱི་སྤྱི་བོར་ནུབས་སོ། །འོད་ཟེར་དེ་དག་ཕོག་མ་ཐག་ཏུ། བྱང་སེམས་འཁོར་དང་བཅས་པས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ཐོབ་ཅིང་། འོད་ཟེར་དེ་དག་ཀྱང་བྱང་སེམས་དེའི་དབུ་ལ་དུས་གཅིག་ཏུ་འབབ་པར་གྱུར་ཅིང་། རྒྱལ་བ་སྲས་བཅས་རྣམས་ཀྱི་བྱང་སེམས་དེ་ལ་རང་གང་དུ་འཚང་རྒྱ་བའི་གནས་དང་། དུས་དང་། མཚན་མ་ལ་སོགས་པ་བསྟན་པ་ནི། འོད་ཟེར་ཆེན་པོའི་དབང་བསྐུར་བ། །ཞེས་བྱ་བ་ཡིན་ནོ།
Up a level: Enlightened Activities (4-Bodies GM)