Mode of engaging in the activities (Examples)

སངས་རྒྱས་རྣམས་ཀྱི་འཕྲིན་ལས་འབད་མེད་ལྷུན་གྲུབ་རྒྱུན་མི་འཆད་དུ་འཇུག་པ་ཡིན་ཏེ།
Enlightened activities are spontaneous and uninterrupted because: (examples)

  1. Indra's body - Buddha's Form Body
    བརྒྱ་བྱིན་གྱི་གཟུགས་ཀྱི་དཔེས་སངས་རྒྱས་ཀྱི་གཟུགས་སྐུ་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བ་དང་།
  2. Drum of the gods - Buddha's speech
    ལྷའི་རྔ་བོ་ཆེའི་དཔེས་སངས་རྒྱས་ཀྱི་གསུང་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བ་དང་།
  3. Rain clouds - Buddha's mind
    ཆར་སྤྲིན་གྱི་དཔེས་སངས་རྒྱས་ཀྱི་ཐུགས་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བ་དང་།
  4. Emanations of Brahma - Enlightened activities of body and speech
    ཚངས་པའི་སྤྲུལ་པའི་དཔེས་སངས་རྒྱས་ཀྱི་སྐུ་དང་གསུང་གི་འཕྲིན་ལས་གཉིས་དང་།
  5. Sun - Enlightened activities of mind
    ཉི་མའི་དཔེས་སངས་རྒྱས་ཀྱི་ཐུགས་ཀྱི་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བ་དང་།
  6. Precious jewel - Secret of the Buddha's mind
    ནོར་བུ་རིན་པོ་ཆེའི་དཔེས་སངས་རྒྱས་ཀྱི་ཐུགས་ཀྱི་གསང་བ་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བ་དང་།
  7. Echo - Secret of the Buddha's speech
    སྒྲ་བརྙན་གྱི་དཔེས་སངས་རྒྱས་ཀྱི་གསུང་གི་གསང་བ་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བ་དང་།
  8. Space - Secret of the Buddha's body
    ནམ་མཁའི་དཔེས་སངས་རྒྱས་ཀྱི་སྐུའི་གསང་བ་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བ་དང་།
  9. Precious ground - Great compassion (the support for all of those)
    ས་གཞི་རིན་པོ་ཆེའི་དཔེས་དེ་ཐམས་ཅད་ཀྱི་རྟེན་ཐུགས་རྗེ་ཆེན་པོ་འབད་མེད་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བ་དེ་མཚོན་པ་ཡིན་པའི་ཕྱིར།

དང་པོ་གཟུགས་སྐུ་བརྒྱ་བྱིན་གྱི་དཔེས་མཚོན་ཚུལ་ནི། སངས་རྒྱས་ཀྱི་གཟུགས་སྐུ་བརྒྱ་བྱིན་གྱི་གཟུགས་དང་འདྲ་བ་ཡིན་ཏེ།
དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་ལུས་གཅིག་ཉིད་བཻ་ཌཱུརྱའི་ས་གཞི་གཙང་མ་དུ་མར་གཟུགས་བརྙན་རེ་རེ་འཆར་བ་ལྟར།
འགྲོ་བ་ཐ་དད་པ་མང་པོའི་དད་སོགས་ཀྱི་སེམས་ཀྱི་སྣང་པ་དག་པ་ལ་གཟུགས་སྐུའི་སྣང་བ་འཆར་པའི་ཕྱིར་ཏེ།

གཉིས་པ་གསུང་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེའི་དཔེས་བསྟན་པ་ནི།
སངས་རྒྱས་ཀྱི་གསུང་ལྷའི་རྔ་བོ་ཆེ་དང་འདྲ་བ་ཡིན་ཏེ། དཔེར་ན་སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་གནས་དག་ན་ལྷའི་རྔ་བོ་ཆེ་རྣམས་མ་བརྡུངས་པར་སྔོན་གྱི་སྨོན་ལམ་ལ་སོགས་པ་ལས་དཀར་པོའི་མཐུ་ལས་ཆོས་ཀྱི་སྡོམ་བཞི་ལ་སོགས་པ་སྟོན་པའི་སྒྲ་འབྱུང་བ་ལྟར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་སྟོན་པའི་འབད་རྩོལ་རྣམ་རྟོག་མེད་པར་འགྲོ་བ་རང་རང་གི་ལས་དང་སྐལ་བ་དང་འཚམ་པར་ཆོས་སྟོན་པར་མཛད་པའི་ཕྱིར་ཏེ།

གསུམ་པ་ཐུགས་ཆར་སྤྲིན་གྱི་དཔེས་བསྟན་པ་ནི། སངས་རྒྱས་ཀྱི་ཐུགས་ཆར་སྤྲིན་དང་འདྲ་བ་ཡིན་ཏེ། དཔེར་ན་དབྱར་གྱི་དུས་ན་སྤྲིན་འཁྲིགས་པ་ལས་འཇིག་རྟེན་གྱི་ལོ་ཐོག་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་ཆུའི་ཆར་ས་ལ་རྒྱུན་དུ་འབེབས་པ་ལྟར། སངས་རྒྱས་ཀྱི་ཐུགས་རྗེའི་སྤྲིན་ལས་ཀྱང་འགྲོ་བའི་དགེ་བའི་ལོ་ཐོག་གི་རྒྱུར་གྱུར་པའི་དམ་པའི་ཆོས་ཀྱི་ཆར་རྒྱུན་མི་འཆད་པར་འབད་རྩོལ་གྱི་རྣམ་རྟོག་མེད་པར་འབབ་པའི་ཕྱིར་ཏེ།

བཞི་པ་དེ་བཞིན་གཤེགས་པའི་སྐུ་དང་གསུང་གི་འཕྲིན་ལས་གཉིས་ཚངས་པའི་དཔེས་བསྟན་པ་ནི། དེ་བཞིན་གཤེགས་པའི་སྐུ་དང་གསུང་གི་འཕྲིན་ལས་གཉིས་ཚངས་པའི་སྤྲུལ་པ་དང་འདྲ་བ་ཡིན་ཏེ། དཔེར་ན་ཚངས་པ་དེ་རང་གི་གནས་ནས་འཕོ་བ་མེད་པར་ཡང་ལྷའི་གནས་གཞན་དང་གཞན་དུ་ཚངས་པའི་སྣང་བ་དུ་མ་འབད་མེད་དུ་སྟོན་པ་ལྟར། ཐུབ་པ་སངས་རྒྱས་རྣམས་ཀྱང་ཆོས་ཀྱི་སྐུ་ལས་མ་གཡོས་པར་འཇིག་རྟེན་གྱི་ཁམས་རྣམས་སུ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་སྤྲུལ་པ་དཔག་ཏུ་མེད་པ་དག་གིས་དམ་པའི་ཆོས་འབད་པ་མེད་པར་སྟོན་པའི་ཕྱིར་ཏེ།

ལྔ་པཐུགས་ཀྱི་འཕྲིན་ལས་ཉི་མའི་དཔེས་བསྟན་པ་ནི། དེ་བཞིན་གཤེགས་པའི་ཐུགས་ཀྱི་འཕྲིན་ལས་ཉི་མ་དང་འདྲ་བ་ཡིན་ཏེ། དཔེར་ན་ཉི་མའི་འོད་ཟེར་གྱིས་གདུངས་པའི་ཚེ་དུས་གཅིག་ཏུ་པདྨ་ཁ་འབྱེད་པ་དང་། ཀུ་མུ་ཏ་ཁ་ཟུམ་པར་བྱེད་པ་དང་། ལོ་ཐོག་སྨིན་པར་བྱེད་པ་ལ་སོགས་པ་རྣམས་དུས་གཅིག་འབྱུང་ཡང་ཉི་མའི་འོད་ཟེར་ལ་ཆུ་སྐྱེས་བྱེ་བར་བྱེད་པའི་ཡོན་ཏན་དང་ཀུ་མུ་ཏ་ཟུམ་པར་བྱེད་པའི་སྐྱོན་དེ་དང་དེ་བྱེད་པའི་རྣམ་པར་རྟོག་པ་མེད་པ་བཞིན་དུ། དེ་བཞིན་གཤེགས་པས་ཀྱང་གདུལ་བྱ་རྣམས་ཀྱི་དབང་པོ་དང་འཚམ་པར་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་འགོད་པའི་ཆོས་སྟོན་ཀྱང་གདུལ་བྱ་འགའ་ཞིག་ལས་དབང་གིས་མངོན་མཐོ་དང་འགའ་ཞིག་ལས་དབང་གིས་ངེས་ལེགས་ལ་འགོད་པར་བྱེད་པ་ཡིན་གྱི། དེ་བཞིན་གཤེགས་པ་ལ་དེ་དང་དེའི་རྣམ་པར་རྟོག་པ་མེད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར་ཏེ།

དྲུག་པ་ཐུགས་ཀྱི་གསང་བ་ཡིད་བཞིན་གྱི་ནོར་བུའི་དཔེས་བསྟན་པ་ནི། དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ཡིན་ཏེ།
དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཟས་གོས་སོགས་དོན་དུ་གཉེར་བ་རྣམས་ཀྱིས་གསོལ་བ་བཏབ་པ་ན་རང་རང་གི་འདོད་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་ཀྱང་ནོར་བུ་རིན་པོ་ཆེ་ལ་དེ་རྣམས་ཀྱི་འདོད་པ་སོ་སོར་སྐོང་བར་བྱེད་པའི་རྣམ་པར་རྟོག་པ་མེད་པ་བཞིན་དུ་སངས་རྒྱས་ཀྱིས་གདུལ་བྱ་ལ་ཆོས་གསུངས་པའི་ཚེ་གདུལ་བྱའི་བསམ་པ་ཐ་དད་པ་རྣམས་ཀྱི་རང་རང་གང་མོས་ཀྱི་ཆོས་སྣ་ཚོགས་པ་ཐོས་པར་འགྱུར་ཡང་དེ་བཞིན་གཤེགས་པ་ལ་གདུལ་བྱ་འདི་ལ་ཆོས་འདི་བསྟན་པར་བྱའོ་སྙམ་པའི་རྣམ་པར་རྟོག་པ་མེད་པར་འཕྲིན་ལས་ངང་གིས་འཇུག་པའི་ཕྱིར་ཏེ།

བདུན་པ་གསུང་གི་གསང་བ་སྒྲ་བརྙན་གྱི་དཔེས་བསྟན་པ་ནི། དེ་བཞིན་གཤེགས་པའི་གསུང་གི་གསང་བ་སྒྲ་བརྙན་དང་འདྲ་བ་ཡིན་ཏེ། དཔེར་ན་སྒྲ་བརྙན་གྱི་སྒྲ་ནི་གཞན་གྱི་རྣམ་པར་རིག་བྱེད་ལས་བྱུང་བ་དང་། རྣམ་རྟོག་གི་རྒྱུ་བ་མེད་པ་དང་། འབད་རྩོལ་གྱི་གཟོ་མེད་པ་དང་ཕྱི་དང་ནང་ན་མི་གནས་པ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་གཞན་གྱི་རྣམ་པར་རིག་བྱེད་ལས་བྱུང་བ་དང་། རྣམ་རྟོག་གི་རྒྱུ་བ་མེད་པ་དང་། འབད་རྩོལ་གྱི་གཟོ་མེད་ཅིང་ཕྱི་དང་ནང་ན་གནས་པ་མ་ཡིན་པར་འཕྲིན་ལས་ངང་གིས་འཇུག་པའི་ཕྱིར་ཏེ།

བརྒྱད་པ་སྐུའི་གསང་བ་ནམ་མཁའི་དཔེས་བསྟན་པ་ནི། དེ་བཞིན་གཤེགས་པའི་སྐུའི་གསང་བ་ནམ་མཁའ་དང་འདྲ་བ་ཡིན་ཏེ། དཔེར་ན་ཐོགས་བཅས་ཀྱི་རེག་བྱ་ཅུང་ཟད་ཀྱང་མེད་ཅིང་ཁ་དོག་དང་དབྱིབས་དང་མིག་ཤེས་ཀྱི་གཟུང་བྱ་མིན་པ་དང་གཟུགས་མེད་པ་དང་བསྟན་དུ་མེད་པའི་ནམ་མཁའ་ལ་མཐོ་དམན་ལ་སོགས་པའི་རྣམ་པར་མཐོང་བ་ཡོད་ཀྱང་ནམ་མཁའ་ལ་མཐོ་དམན་སོགས་མེད་པ་བཞིན་དུ། དེ་བཞིན་གཤེགས་པའི་སྐུ་ཡང་གདུལ་བྱ་འགའ་ཞིག་ལ་མཐོ་བ་དང་། འགའ་ཞིག་ལ་དམའ་བ་ལྟར་སྣང་ཡང་དེ་བཞིན་གཤེགས་པའི་སྐུ་ལ་དེ་འདྲ་བའི་ཁྱད་པར་མེད་པའི་ཕྱིར་ཏེ།

དགུ་པ་དེ་ཐམས་ཅད་ཀྱི་རྟེན་ཐུགས་རྗེ་ཆེན་པོ་ས་གཞི་རིན་པོ་ཆེའི་དཔེས་བསྟན་པ་ནི། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ནི་ས་གཞི་རིན་པོ་ཆེ་དང་འདྲ་བ་ཡིན་ཏེ། དཔེར་ན་ས་གཞི་རིན་པོ་ཆེ་ལ་རྣམ་པར་རྟོ ག་པ་མེད་ཀྱང་ལོ་ཐོག་ལ་སོགས་པའི་སྐྱེ་བ་ཀུན་ས་གཞི་ལ་བརྟེན་ནས་འཕེལ་བ་དང་བརྟེན་པ་དང་ཡངས་པར་འགྱུར་བ་ལྟར། རྫོགས་པའི་སངས་རྒྱས་ཀྱིས་འབད་རྩོལ་གྱི་རྣམ་པར་རྟོག་པ་མེད་པ་དེ་ལ་བརྟེན་ནས་འགྲོ་བའི་དགེ་བའི་རྩ་བ་རྣམས་ནི་མ་ལུས་པར་འཕེལ་བར་འགྱུར་བའི་ཕྱིར་ཏེ།


མདོར་ན་རྫོགས་པའི་སངས་རྒྱས་རྣམས་འབད་རྩོལ་གྱི་གཟོ་མེད་ཅིང་ཀུན་སློང་གི་རྣམ་རྟོག་མེད་པར་བརྩེ་བ་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་དམ་ཆོས་ལྷུན་གྲུབ་རྒྱུན་མི་འཆད་དུ་གསུངས་པས་སྐལ་ལྡན་རྣམས་ཀྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པར་འགྱུར་བའི་ཕྱིར་ཏེ།


Up a level: Enlightened Activities