Ten totalities (extensive)

རང་གི་སེམས་རྟེན་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་གང་རུང་ལ་བརྟེན་ནས། རང་གི་དམིགས་པ་ས་སོགས་བཅུ་པོ་གང་རུང་གི་རང་ཡུལ་ལ་
ཁྱབ་པར་སྤྲོ་བར་བྱེད་པས་རབ་ཏུ་ཕྱེ་བའི་ཏིང་ངེ་འཛིན་དུ་དམིགས་པ་དེ། ཟད་པར་གྱི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན།
Entity: That observed as a meditative stabilisation distinguished by functioning to pervasively emanated its object, i.e. any of the ten of earth and so forth that are its observed-object, in dependence upon either an actual concentration or formless absorption that is its mental support.

Divisions: (10)

མཛོད་ལས། ཟད་པར་བཅུའོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པའོ་གཉིས་ནི་གཟུགས་མེད་དག །ཅེས་གསུངས་པ་ལྟར།
དང་པོ་བརྒྱད་བསམ་གཏན་བཞི་པ་དང་། ཐ་མ་གཉིས་གཟུགས་མེད་དང་པོ་གཉིས་ལ་བརྟེན་པ་ཡིན་ནོ། །དེ་བཞིན་དུ་མངོན་པ་གོང་མ་ཡང་འདོད་དགོས་ལ། སྙིང་པོ་རྒྱན་དུའང་དེ་ལྟར་བཤད་ཅིང་། ཉི་སྣང་ལས་ནི། ཟད་པར་བཅུ་ག་བསམ་གཏན་གྱི་དངོས་གཞི་བཞི་ག་ལ་བརྟེ ན་ནས་འཐོབ་པར་བཤད་དོ།


སྔར་སྦྱངས་པ་བྱེད་མྱོང་བ་ནི།
སྔར་སྦྱངས་པ་བྱེད་མྱོང་བ་ནི། ས་ལ་སོགས་པའི་དམིགས་རྟེན་མཐོང་བ་ཙམ་ལས། དེ་དང་དེའི་ཏིང་ངེ་འཛིན་སྐྱེ་བ་ཡོད་དེ། སྔོ ན་ཁ་དོག་ལེགས་མཐོང་གིས། ཨུད་པ་ལ་སྔོན་པོ་མཐོང་བ་ཙམ་གྱིས་མོད་ལ་ཟད་པར་སྔོན་པོའི་ཏིང་ངེ་འཛིན་སྐྱེས་པར་གསུངས་པ་བཞིན་ནོ།

སྔར་སྦྱངས་པ་བྱེད་མ་མྱོང་བ་ནི།
ཟད་པར་གྱི་ཏིང་ངེ་འཛིན་གསར་དུ་སྐྱེས་པའི་ཚེ། ས་སྣུམ་ཞིང་འཁོད་སྙོམས་པ་ལ་དམིགས་ནས་སྦྱོང་བར་བྱེད། དེ་བཞིན་དུ། ཆུའི་དེ་སྐྱེད་པའི་ཚེ་ལྷུང་བཟེད་ལ་སོགས་པའི་སྣོད་དྲི་མ་མེད་པར་ཆུ་དྭངས་ཤིང་བསིལ་བ་བླུགས་ཏེ། དེ་ལ་དམིགས་ནས་སྦྱོང་བར་བྱེད། མེའི་དེ་སྐྱེད་པའི་ཚེ། ཤིང་དྲུང་ངམ་མགྲོན་ཁང་ལ་སོགས་པའི་ནང་དུ་སྣུམ་ཞིང་སྙི ང་པོ་དང་བཅས་པའི་ཤིང་དུམ་བུར་གཏུབས་ནས་སྤུངས་ཏེ། མཐའ་རྩིག་པས་བསྐོར་བ་ལ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་བྱས་པར་མེ་སྤར་ནས། འོག་ཏུ་བུད་ཤིང་སྟེང་དུ་བུ་
ག་བར་དུ་མེ་འབར་བ་དེ་ལ་དམིགས་ནས་སྦྱོང་བར་བྱེད། རླུང་གི་དེ་སྐྱེད་པའི་ཚེ་རྩིག་པའི་ངོས་ཀྱི་བུ་ག་ལས་རླུང་བྱུང་བ་རང་གི་ལུས་ལ་རེག་པ་དེ་ལ་དམིགས་ནས་སྦྱོང་བར་བྱེད། སྔོན་པོའི་དེ་སྐྱེད་པའི་ཚེ་རས་སྔོན་པོ་རྔ་བོ་ཆེའི་མཐིལ་ལྟར་གྱིས་སྦྱངས་པ་ལ། མིག་སྨན་སྔོན་པོ་སོགས་གང་ཡང་རུང་བའི་ཚོན་གྱིས་འཕོ་བ་དང་།
མི་འཕོ་བའི་དཀྱིལ་འཁོར་བྱས་ནས་དེའི་མཐའ་ཁ་དོག་མི་མཐུན་པས་བཅད་པ་ལ་དམིགས་ནས་སྦྱོང་བར་བྱེད། སེར་པོ་དང་། དམར་པོ་དང་། དཀར་པོ་ལ་དེ་བཞིན་ཏེ། སྔོན་པོའི་གནས་སུ་སེར་པོ་སོགས་བཞག་པ་ནི་ཁྱད་པར་རོ། །དེ་དང་མཐུན་པར་འདུལ་བའི་མདོ་ལས་ཀྱང་། ཟད་པར་གྱི་མཚན་མ་མངོན་དུ་བྱ་བའི་ཕྱིར། གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་རྣམ་པ་བཞི་བྱའོ། །ཞེས་གསུངས།
ནམ་མཁའི་དེ་སྐྱེད་པའི་ཚེ། བུམ་ནང་དུ་མར་མེ་བཅུག་སྟེ་བུ་ག་ཧ་ཅང་མི་ཆེ་བ་གཏུམས་ཏེ། དེ་ལས་མར་མེའི་འོད་བྱུང་བ་རྩིག་པའི་ངོས་ལ་ཕོག་པ་དེ་ལ་དམིགས་ནས་སྦྱོང་བར་བྱེད། རྣམ་ཤེས་ཀྱི་དེ་སྐྱེད་པའི་ཚེ་རང་གི་གནས་ཁང་ལ་སོགས་པའི་ནང་དུ་རེ་ལྡེ་ལ་སོགས་པ་ཕུབ་སྟེ། དེ་ལ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་བརྟོལ་ཏེ་དེ་མཐོང་བའི་ཡུལ་དུ་བྱེད་པ་རྣམས་ནི་དེ་དག་གི་དམིགས་རྟེ ན་ཡིན་ནོ།


མཚན་མ་ལ། མ་གྲུབ་པའི་རྟགས་འཛིན་པའི་མཚན་མ་དང་། གྲུབ་པའི་རྟགས་སྣང་བས་མཚན་མ་གཉིས་གཉིས་ཡོད་པ་ལས། ས་ཚྭ་སྒོ་ཅན་དང་། གཡང་ས་ཅན་ལ་སོགས་པར་སྣང་བའི་ཚེ་མ་གྲུབ་པ་དང་། རིན་པོ་ཆེའི་མེ་ཏོག་གི་མཐིལ་ལྟར་སྣང་བའི་ཚེ་གྲུབ་པའི་མཚན་མ་ཡིན། དེ་བཞིན་དུ་ཟད་པར་ཆུའི་ཏིང་ངེ་འཛིན་ལ་ཡང་། ཆུ་ལྦུ་བ་ཅན་དང་། རྙོག་མ་ཅན་ལ་སོགས་པར་མཐོང་བའི་ཚེ་མ་གྲུབ་པ་དང་། ནོར་བུའི་རླུང་གཡབ་ལྟར་སྣང་བའི་ཚེ་གྲུབ་པའི་མཚན་མ་ཡིན། མེ་ཆད་ཅིང་གཡོ་བ་དང་དུ་བ་སོགས་དང་འདྲེས་པ་ལྟར་སྣང་བའི་ཚེ་མ་གྲུབ་པ་དང་། ནམ་མཁའ་ལ་གནས་པའི་ཟླ་བ་དམར་པོ་ཟླུམ་པོ་དང་། གསེར་གྱི་རླུང་ལྟར་སྣང་བའི་ཚེ་གྲུབ་པའི་མཚན་མ་ཡིན། འོ་མ་སྐོ ལ་བ་ཕོག་མ་ཐག་པའི་རླངས་པ་ལྟར་ཆད་ཅིང་གཡོ་བའི་ཚེ་མ་གྲུབ་པ་དང་། རིན་པོ་ཆེའི་མེ་ལོང་གི་མཐིལ་ལྟར་སྣང་བའི་ཚེ་གྲུབ་པའི་ཚད་ཡིན།
སྔོན་པོ་དེ་ལ་ཡང་། ཨུཏྤ་ལའི་ལོ་མ་དང་། ཡལ་ག་སོགས་མེད་པ་ལྟ་བུར་སྣང་བའི་ཚེ་མ་གྲུབ་པ་དང་། དམིགས་རྟེན་དེ་ཉིད་ནམ་མཁའ་ལ་འཕགས་ཏེ། ནོར་བུའི་རླུང་གཡབ་ལྟར་སྣང་བའི་ཚེ་གྲུབ་པའི་མཚན་མ་ཡིན། དེས་སེར་པོ། དམར་པོ། དཀར་པོ་ལ་སོགས་པའི་མཚན་མ་ཡང་ཤེས་པར་བྱའོ། །ནམ་མཁའ་དེ་ལ་གཉིས་ཡོད་པ་ལས། རྩིག་ངོས་ཀྱི་ཕུག་པ་ལྟར་བློ་སྐྱེད་ཀྱང་མི་ཕལ་བ་ལྟར་སྣང་བའི་ཚེ་མ་གྲུབ་པ་དང་། དམིགས་རྟེན་དེ་ཉིད་ནམ་མཁའ་ལ་འཕགས་ཏེ། གཟུགས་ཐམས་ཅད་ནམ་མཁས་ཁྱབ་པ་ལྟ་བུར་སྣང་བའི་ཚེ་གྲུབ་པའི་མཚན་མ་ཡིན། རྣམ་ཤེས་ཀྱི་དེ་ལ་དམིགས་རྟེ ན་དེ་ཉིད་ནམ་མཁའ་ལ་འཕགས་ཏེ། གཟུགས་ཐམས་ཅད་སྣང་བ་འཐུག་པོས་ཁྱབ་པ་ལྟར་སྣང་བའི་ཚེ་གྲུབ་པའི་མཚན་མ་ཡིན། ས་ལ་སྔར་སྦྱོང་བ་བྱས་པ་དང་། མ་བྱས་པ་ཡང་སྦྱོང་བའི་དམིགས་རྟེན་དང་། གྲུབ་མ་གྲུབ་ཀྱི་མཚན་མ་ལ་སོགས་པ་དངོས་སུ་མ་གསུངས་པ་ནི། གོ་སླ་བར་དགོངས་པ་ཡིན་གྱི་མེད་པ་ནི་མ་ཡིན་ཏེ་གོང་དུ་བཤད་པ་ལྟར་ཡིན་པའི་ཕྱིར།


དྲུག་པ་ཡིད་ལ་བྱེད་ཚུལ་ནི། རང་གི་སེམས་རྟེན་བསམ་གཏན་དང་།
གཟུགས་མེད་ཀྱི་དངོས་གཞི་གང་རུང་ལ་བརྟེ ན་ནས། སྔར་གྱི་དམིགས་རྟེན་དེ་དག་ལ་དམིགས་ཏེ། ཁ་དོག་སོ་སོར་རྟོག་པ་དང་། མཚན་མ་ཡིད་ལ་བྱེད་པ་སྤངས་ཏེ།
ས་ས་ཆུ་ཆུ་ཞེས་སོ་སོའི་མིང་ཙམ་ལ་དམིགས་ནས་ཡང་དང་ཡང་གོམས་པར་བྱས་པས་ནམ་ཞིག་ན་ཇི་ལྟར་འདོད་པ་བཞིན་ས་དང་ཆུ་ལ་སོགས་པ་རང་ཡུལ་མ་ལུས་པར་སྤྲོ་ནུས་ཤིང་སླར་སྡུད་ནུས་པ་སོགས་ཀྱི་ཚེ་གྲུབ་པ་ཡིན་ལ། ས་ཚྭ་སྒོ་ཅན་ལ་སོགས་སྣང་བའི་ཚེ་མ་གྲུབ་པ་ཡིན་ནོ།


བདུན་པ་བྱེད་ལས་ནི། ཟད་པར་བཅུ་པོ་དེའི་བྱེད་ལས་སོ་སོར་བཤད་དུ་ཡོད་དེ། རིམ་པ་བཞིན་དུ་དང་པོ་ས་ཆུ་དང་བར་སྣང་སོགས་སུ་སའི་དཀྱིལ་འཁོར་སྤྲུལ་ཏེ་གཅིག་ཏུ་གྱུར་ནས་མང་པོ་གྱུར་པ་དང་། མང་པོར་གྱུར་ནས་གཅིག་ཏུ་གྱུར་པ་དང་། ནམ་མཁའ་དང་ཆུ་ལ་སར་སྤྲུལ་ནས་རྐང་པས་འགྲོ་བ་དང་། ས་ལ་བྱིའུ་འཛུལ་བྱེད་ཅིང་སྟེང་དུ་བྱུང་བ་དང་། གཉིས་པས་ངན་སོང་གི་གནས་སུ་ཆུའི་ཆར་འབེབས་པ་དང་། ས་དང་རི་བོ་སོགས་རྒྱ་ཆེར་སྤྲུལ་པ་དང་། གསུམ་པས། རང་གི་ལུས་ལ་དུ་བ་འཐུལ་ཞིང་མེ་འབར་བ་དང་། བདུད་ཀྱི་གཞལ་མེད་ཁང་སྲེག་པ་དང་། ལྷག་མེད་དུ་འདས་པ་ན་རང་གི་ཕུང་པོ་རྙིང་བ་སྲེག་པ་དང་། བཞི་པས་ནམ་མཁའ་ལ་རླུང་ལྟར་ཐོགས་མེད་དུ་རྒྱུག་པ་དང་། བདུད་ཀྱི་གཞལ་མེད་ཁང་གཞོམ་པ་དང་། ལྔ་པས། ལུས་སྔོན་པོར་སྤྲུལ་ནས་བདུད་ཀྱི་གནས་རྣམས་མུན་པར་བྱེད་པ་དང་། དྲུག་པས། གཟུགས་སེར་པོར་སྤྲུལ་ནས་གསེར་དུ་བྱེད་པ་སོགས་དང་། བདུན་པས། གཟུགས་དམར་པོར་སྤྲུལ་པ་སོགས་དང་། བརྒྱད་པས། གཟུགས་དཀར་པོར་སྤྲུལ་ནས་རྨུགས་གཉིད་རིང་དུ་བྱེད། མུན་པ་འཇིགས་པར་བྱེད། དགུ་པས། ཐོགས་པའི་སྒྲིབ་པ་རྣམས་འབྱེད་ཅིང་། ས་དང་རི་བོའི་ནང་དུ་ནམ་མཁའ་སྤྲུལ་ནས་སྤྱོད་ལམ་བཞི་བྱེད་པ་དང་། བཅུ་པས་རྩིག་པ་ལ་ཐལ་བྱུང་དུ་འགྲོ་བ་སོགས་བྱེད་པའི་བྱེད་ལས་དང་ལྡན་པའི་ཕྱིར།


སྤྱིར་སྐྱེ་མཆེད་བཅུ་གཉིས་ཡོད་པ་ལས། གཟུགས་ཀྱི་སྐྱེ་མཆེད་ལ་ཟད་པར་སྔོ ན་པོའི་ཏིང་ངེ་འཛིན་སོགས་བཞི། རེག་བྱའི་སྐྱེ་མཆེད་ལ་ཟད་པར་སའི་ཏིང་ངེ་འཛིན་སོགས་བཞི། ཆོས་ཀྱི་སྐྱེ་མཆེད་ལ་ཟད་པར་ནམ་མཁའི་ཏིང་ངེ་འཛིན། ཡིད་ཀྱི་སྐྱེ་མཆེད་ལ་ཟད་པར་རྣམ་ཤེས་ཀྱི་ཏིང་ངེ་འཛིན་རྣམས་བཞག་ནས། སྐྱེ་མཆེད་གཞན་སྒྲ་དྲི་རོ་གསུམ། མིག་རྣ་བ་སྣ་ལྕེ་ལུས་ཀྱི་སྐྱེ་མཆེད་རྣམས་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན་ཡོད་དེ། ཟད་པར་ཞེས་པའི་དོན་ཁྱབ་པར་བྱེད་པའི་དོན་ཡིན་ལ། སྐྱེ་མཆེད་གཞན་བརྒྱད་པོ་དེས་ཁྱབ་པར་བྱེད་མི་ནུས་པའི་ཕྱིར།
གསལ་དེས་རིགས་པ་དེ་ལ་དེས་ཁྱབ་པར་བྱེད་ནུས་ལ། དབང་པོ་ལྔའི་རིགས་འདྲ་མེད། གཟུགས་ཁམས་ཀྱི་གཟུགས་ལ་དྲི་རོའི་རིགས་མེད། སྒྲ་ལ་རིགས་འདྲའི་རྒྱུན་མེད་པས་ཁྱབ་པར་བྱེད་མི་ནུས་པའི་ཕྱིར།


རང་གི་སེམས་རྟེ ན་བསམ་གཏན་དང་། གཟུགས་མེད་ཀྱི་དངོས་གཞི་གང་རུང་ལ་བརྟེན་ནས་རང་གི་དམིགས་རྟེན་ས་སྣུམ་ཞིང་འཁོད་སྙོམས་པ་ལ་སོགས་པ་ལ་དམིགས་ནས། འཇིག་རྟེན་གྱི་ས་ལ་སོགས་པའི་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ལ་ཟད་པར་ཞེས་རྗོད་པའི་རྒྱུ་མཚན་ཡོད་དེ། ཏིང་ངེ་འཛིན་ལ་དམིགས་པས་ས་སོགས་མི་ཟད་པར་ཁྱབ་པར་སྤྲོ་ནུས་པའི་རྒྱུ་མཚན་གྱིས་དེ་ལྟར་རྗོད་པའི་ཕྱིར་ཏེ། ཉི་སྣང་ལས། རྒྱུན་མི་འཆད་པར་ཟད་པར་སྤྲོ་བས་ན་ཟད་པར་གྱི་སྐྱེ་མཆེད་དོ་ཞེས་གསུངས་པའི་ཕྱིར།


Up a level: Exalted Wisdom Dharmakaya (4-Bodies GM)