Chapter 7 - Investigation of production, abiding, and disintegration
གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །
སྐྱེ་ལ་སོགས་གསུམ་སོ་སོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང། །
སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་མེད་འགྱུར། །མེད་ན་དེ་དག་འདུས་བྱས་མིན། །
སྐྱེ་བའི་སྐྱེ་བས་རྩ་བ་ཡི། །སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད། །རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །
གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བ་སྐྱེད་བྱེད་ན། །ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །
གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས། །བསྐྱེད་པ་དེ་ཡིས་རྩ་སྐྱེད་ན། །དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །
གལ་ཏེ་མ་སྐྱེས་པ་དེ་ཡིས། །དེ་སྐྱེད་པར་ནི་བྱེད་ནུས་ན། །ཁྱོད་ཀྱི་སྐྱེ་བཞིན་པ་དེ་ཡིས། །དེ་སྐྱེད་པར་ནི་འདོད་ལ་རག །
ཇི་ལྟར་མར་མེ་རང་དང་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་གཞན་གྱི་དངོས། །གཉིས་ཀ་སྐྱེད་པར་བྱེད་ཡིན་ན། །
མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་བས་སྣང་བྱེད་ཡིན། །
གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་མེད་ན། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །
མར་མེ་ཕྲད་པ་མེད་པར་ཡང༌། །གལ་ཏེ་མུན་པ་སེལ་བྱེད་ན་། །འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་གནས་པ་ངེས་སེལ་འགྱུར། །
མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །
སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་སྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །
སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་སྐྱེད་པ། །དེ་ནི་སོང་དང་མ་སོང་དང༌། །བགོམ་པས་རྣམ་པར་བཤད་པ་ཡིན། །
གང་ཚེ་སྐྱེ་བ་ཡོད་པ་ན། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཇི་ལྟར་སྐྱེ་ལ་བརྟེན་ནས་ནི། །སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །
རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ་ཉིད། །
གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །
གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་ནི་སྐྱེད་བྱེད་ན། །སྐྱེ་བ་དེ་ནི་སྐྱེ་བ་ལྟ། །གང་ཞིག་གིས་ནི་སྐྱེད་པར་བྱེད། །
གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །
རེ་ཤིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ཞིང༌། །ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། །གོང་དུ་བསྟན་པ་ཉིད་ཡིན་ནོ། །
དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །
དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་མི་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །མ་སྐྱེས་གང་ཞིག་གནས་པར་འགྱུར། །
དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །
དངོས་པོ་ཐམས་ཅད་དུས་ཀུན་དུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡོད། །
གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་རིགས། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །
འགགས་པ་འགག་པར་མི་འགྱུར་ཏེ། །མ་འགགས་པ་ཡང་འགག་མི་འགྱུར། །འགག་བཞིན་པ་ཡང་དེ་བཞིན་མིན། །མ་སྐྱེས་གང་ཞིག་འགག་པར་འགྱུར། །
རེ་ཞིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་མི་གནས་པ་ལ་ཡང༌། །འགག་པ་འཐད་པར་མི་འགྱུར་རོ། །
གནས་སྐབས་དེ་ཡིས་གནས་སྐབས་ནི། །དེ་ཉིད་འགག་པ་ཉིད་མི་འགྱུར། །གནས་སྐབས་གཞན་གྱིས་གནས་སྐབས་ནི། །གཞན་ཡང་འགག་པ་ཉིད་མི་འགྱུར། །
གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་པ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །
རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གཅིག་ཉིད་ན་ནི་དངོས་པོ་དང༌། །དངོས་པོ་མེད་པ་འཐད་པ་མེད། །
དངོས་པོ་མེད་པར་གྱུར་པ་ལའང༌། །འགག་པ་འཐད་པར་མི་འགྱུར་རོ། །མགོ་གཉིས་པ་ལ་ཇི་ལྟར་ནི། །གཅད་དུ་མེད་པ་དེ་བཞིན་ནོ། །
འགག་པ་རང་གི་བདག་ཉིད་ཀྱིས། །ཡོད་མིན་འགག་པ་གཞན་གྱིས་མིན། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་སྐྱེད་པ་མ་ཡིན་བཞིན། །
སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་ བྱས་ནི་ཇི་ལྟར་འགྲུབ། །
རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །
Up a level: Root Wisdom of the Middle Way